ཧན་གྱི་བརྒྱད་པ་གླེའུ་གོང་བུ་
(汉光武即刘秀)གླེའུ་གོང་བུ་ཞེས་རྒྱ་ཡིག་ནས་བོད་སྐད་དུ་སྒྱུར་སྐབས་རྒྱ་སྐད་ཀྱི་སྒྲ་ཐོན་པོ་རང་མ་བྱུང་བ་ལས། དོན་དུ་ལིའུ་ཀོང་ཨུ་ཞེས་པ་སྟེ། ལིའུ་ནི་ཧན་རྒྱལ་རབས་ཀྱི་གོང་མའི་རུས་མིང་ཡིན་པ་དང། ཀོང་ཨུ་ནི་གོང་མ་ཀོང་ཨུ་རྟི་ཞེས་ཏུང་ཧན་(ཧན་ཤར་མ་)རྒྱལ་རབས་ཀྱི་གོང་མ་དང་པོའི་མིང་ཡིན་ཅིང་། མིང་ངོ་མ་ལ་ལིའུ་ཤིའུ་ཟེར། སྤྱི་ལོ་༢༥ནས་༥༧བར་ལོ་༣༣རིང་སྲིད་དབང་བཟུང་། ཝང་མང་གིས་བཙུགས་པའི་སྲིད་གཞུང་གསར་པ་ལ་ངོ་རྒོལ་བྱེད་ཆེད་ཞིང་པའི་གྱེན་ལངས་ཀྱི་ལས་འགུལ་ནང་ཞུགས་ནས་དེའི་འགོ་ཁྲིད་བྱད་ཏེ་སླར་ཡང་རྒྱལ་ཡོངས་གཅིག་གྱུར་བྱས་པའི་བྱ་བཞག་ནང་བྱས་རྗེས་ཡོད་པའི་མི་ཞིག་ཡིན་ལ་། ཧན་རྒྱལ་རབས་ཀྱི་གདུང་རྒྱུད་ནས་བྱུང་ཞིང་། སྐབས་དེར་ཆེ་བཙན་ས་བདག་གྲལ་རིམ་གྱི་ཚབ་བྱས་ནས་བཀས་བཀོད་རྒྱུད་འཛིན་གྱི་གཅིག་གྱུར་རྒྱལ་ཁབ་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུའི་འདོད་ཚུལ་འཛིན་མཁན་ཡིན། ཁོ་པས་གྱེན་ལངས་ཞིང་པའི་དམག་དཔུང་གི་འགོ་ཁྲིད་བྱས་རྗེས་དམག་དཔུང་གི་སྒྲིག་ཁྲིམས་རང་བཞིན་ལ་ཤུགས་སྣོན་བརྒྱབ་པ་དང། ས་གནས་གང་དུ་རྒྱལ་ཁ་ཐོབ་ཀྱང་དེར་གནའ་རབས་ཀྱི་ཤུལ་བཞག་དངོས་པོ་ལ་གཏོར་བཤིག་མི་ཡོང་བའི་འབད་བརྩོན་གང་ཐུབ་ཡོད་པའི་མི་བཀོལ་སྤྱོད་བྱེད་པ་བཅས་ཀྱི་བྱ་ཐབས་བཟུང་བས། ཁོ་པའི་ཆབ་སྲིད་དང་དམག་དོན་ཐོག་གི་རྒྱལ་ཁ་ཐོབ་ཐུབ་པའི་འགན་སྲུང་བྱུང་བ་མ་ཟད། ཞིང་པའི་གྱེན་ལངས་དམག་དཔུང་ནང་ཁུལ་ཁ་བྲལ་དང་སྒྲིག་ཁྲིམས་མེད་པའི་གནས་བབ་བེད་སྤྱད་ནས་རིམ་བཞིན་དྲག་གནོན་བྱེད་ཐུབ་པ་བྱུང་མཐར། སྤྱི་ལོ་༢༥ལོར་རང་ཉིད་གོང་མ་བྱས་ཤིང། ཧན་རྒྱལ་རབས་སླར་ཡང་བསྐྱར་གསོ་བྱས། རྒྱལ་ས་ནི་ལོའོ་དབྱང་(དེང་སང་ཧོ་ནན་ཞིང་ཆེན་གྱི་ལོའོ་དབྱང་)ཡིན། ཧན་ཤར་མའི་རྒྱལ་རབས་དེར་སྔ་རྗེས་སུ་རྒྱལ་པོ་བཅུ་བཞི་བྱུང་སྟེ། ༡.ཧན་ཀོང་ཨུ་རྟི་ལིའུ་ཤིའུ། ༢.ཧན་མིན་རྟི་ལིའུ་ཀྲོང། ༣.ཧན་ཀྲང་རྟི་ལིའུ་རྡ། ༤.ཧན་ཧའོ་རྟི་ལིའུ་ཀྲའོ་ ༥.ཧྲན་ཧྲང་རྟི་ལིའུ་ལོང། ༦.ཧན་ཨན་རྟི་ལིའུ་ཧུ། ༧.ཧན་ཧྲའོ་རྟི་ལིའུ་པེའན། ༨.ཧན་ཧྲུན་རྟི་ལིའུ་སྦའོ། ༩.ཧན་ཁྲུང་རྟི་ལིའུ་པིང། ༡༠.ཧན་ཀྲི་རྟི་ལིའུ་ཙུའན། ༡༡.ཧན་ཧུའན་རྟི་ལིའུ་ཀྲི། ༡༢.ཧན་ལིང་རྟི་ལིའུ་ཧོའང། ༡༣.ཧན་ཧྲའོ་རྟི་ལིའུ་པིའན། ༡༤.ཧན་ཤན་རྟི་ལིའུ་ཞིའེ་བཅས་ཀྱིས་སྤྱི་ལོ་༢༥ནས་༢༢༠བར་ལོ་གྲངས་༡༩༥རིང་སྲིད་དབང་བཟུང། ཏུང་ཧན་(ཧན་ཤར་མ་)རྒྱལ་རབས་འདི་ལ་དུས་སྐབས་གསུམ་དུ་ཕྱེ་ཞིང། དུས་སྐབས་དང་པོ་ནི་གོང་མ་དང་པོ་ཧན་ཀོང་ཨུ་རྟི་ནས་ཧན་ཀྲང་རྟི་ནས་ཧན་ཀྲང་རྟི་མ་འདས་བར་གྱི་ལོ་༦༤བར་ཡིན། དུས་སྐབས་དེ་ནི་ཏུང་ཧན་རྒྱལ་རབས་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་ཡིན་པ་དང། ཧན་ཀོང་ཨུ་རྟིས་དེ་སྔོན་བྲན་གཡོག་བདག་པོས་བྲན་གཡོག་འཚོང་བ་དང་གསོད་པ་སོགས་གང་འདོད་དུ་བྱེད་པའི་དབང་ཆ་ལ་ཚོད་འཛིན་བྱས་ཏེ་ཁྲིམས་ལུགས་གསར་པ་བཟོས་པ་དང། འཚོ་ཐབས་བྲལ་བའི་དབུལ་ཕོངས་རྣམས་ལ་ལོ་གསུམ་རེའི་མཚམས་སུ་སྐྱོབ་གསོའི་འབྲུ་རིགས་ཐེངས་རེ་སྤྲོད་པ་སོགས་བྱས་ཏེ་ཞིང་པའི་གྱེན་ལངས་སླར་ཡང་མུ་མཐུད་ནས་མི་འབྱུང་བའི་བྱ་ཐབས་འགའ་ཞིག་བཟུང་བར་བརྟེན་གནས་སྐབས་གཞི་ཁྱོན་ཆེ་བའི་གྱེན་ལངས་འཇགས་ཐུབ་ཙམ་བྱུང་ཡོད་ གོང་མ་ཧན་ཀྲང་རྟི་འདས་རྗེས་སྤྱི་ལོ་༡༡༩ལོར་ཧན་ཧྲོའོ་རྟིས་སྲིད་དབང་བཟུང་ནས་ཧན་ལིང་རྟི་མ་འདས་བར་གྱི་ལོ་གྲངས་༡༠༡ཙམ་གྱི་རིང་ནི་ཏུང་ཧན་རྒྱལ་རབས་ཀྱི་སྲིད་དབང་ཉམས་རྒུད་དུ་འགྲོ་བའི་དུས་ཡིན་ཞིང། དེའི་རིང་ལ་གོང་མ་མང་ཆེ་བ་སྲིད་དབང་བཟུང་སྐབས་ལོ་ཆུང་བའི་རྐྱེན་གྱིས་གོང་མ་སྔོན་མའི་བཙུན་མོ་རྣམས་ཀྱིས་སྲིད་དབང་ལག་ཏུ་བཟུང་སྟེ། ཁོ་པ་ཚོའི་རིགས་རྒྱུད་རྣམས་ལ་དཔོན་པོའི་གོ་གནས་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་མོ་ཕྱོགས་ཀྱི་ཉེ་བརྒྱུད་དབང་འཛིན་ཕྱོགས་ཁག་འགོ་བཙུགས་ཤིང། གཞན་ཡང་ཉེ་བརྒྱུད་མིན་པའི་བློན་པོ་དང། ཉུག་རུམ་པ་རྣམས་ཀྱིས་དབང་ཆ་ལག་དུ་བཟུང་ནས་ཏུང་ཧན་རྒྱལ་རབས་ཀྱི་སྲིད་དབང་དེ་མིང་ཡོད་དོན་མེད་ཅིག་ཏུ་གྱུར་པ་རེད། གོང་མ་ཧན་ཤན་རྟི་ཡི་ཁྲུའུ་ཕིང་ཁྲི་ལོ་དང་པོ་ནས་ཅིན་ནུམ་མའི་རྒྱལ་རབས་ཀྱི་སྲིད་དབང་དེ་མིང་ཡོད་མེད་ཅིག་གྱུར་པ་རེད། གོང་མ་ཧན་ཤན་རྟི་ཡི་ཁྲུའུཕིང་ཁྲི་ལོདང་པོ་ནས་ཅིན་ནུབ་མའི་རྒྱལ་རབས་ཀྱི་གོང་མ་དང་པོ་ཅིན་ཨུ་རྟི་ཡི་ཐའི་ཁང་ཁྲི་ལོ་དང་པོ་(སྤྱི་ལོ་༡༩༠ནས་༢༠༨)བར་གྱི་ལོ་གྲངས་༩༡གི་རིང་ནི་ཏུང་ཧན་རྒྱལ་རབས་ཁ་འཐོར་དང་རྩ་མེད་དུ་འགྲོ་བའི་དུས་སྐབས་ཡིན་ཞིང། དུས་སྐབས་དེ་ལ་གོང་མ་ཧན་ཤན་རྟི་ཡི་ཁྲུའུ་ཕིང་ཁྲི་ལོ་དང་པོ་ནས་ཅན་ཨན་ཁྲི་ལོ་བཅུ་དགུ་ནི་དུས་སྐབས་སྔོན་མ་དང། དེ་ནས་ཅིན་ནུབ་མའི་རྒྱལ་རབས་ཀྱི་གོང་མ་དང་ཅིན་ཨུ་རྟི་ཡི་ཐའི་ཁང་ཁྲི་ལོ་དང་པོ་(སྤྱི་ལོ་༢༠༨ནས་༢༨༠)བར་གྱི་ལོ་བདུན་ཅུ་དོན་གསུམ་ནི་དུས་སྐབས་རྗེས་མ་ཡིན། དུས་སྐབས་སྔོན་མའི་བཅུ་དགུའི་རིང་ཏུང་ཀྲུའོ་ཕྱོགས་ཁག་གིས་ལོའོ་དབྱང་ས་གནས་གཙོ་བོར་བྱས་པའི་ནུབ་རྒྱུད་ས་ཁུལ་བཟུང་ཞིང། ཡོན་ཧྲའོ་ཕྱོགས་གཏོགས་དང་བཅས་པས་ལོའོ་དབྱང་གི་ཤར་རྒྱུད་ས་ཁུལ་བཟུང། དེ་མིན་ས་གནས་ཚང་མར་ཆེ་བཙན་ས་བདག་ཕྱོགས་ཁག་གྲངས་ལས་འདསམཔ་བྱུང་བ་རྣམས་ཕན་ཚུན་གཅིག་འོག་ཏུ་གཅིག་མ་འདུས་པའི་དམག་འཁྲུག་རྒྱུན་མི་ཆད་པ་བྱས་པའི་ནང་ཁོ་པ་ཚོ་ནང་ཁུལ་གསོད་རེས་དང། རྒྱ་ཆེའི་མི་དམངས་རྣམས་དམག་འཁྲུག་ནང་བསད་པ་དང་། ལྟོགས་ཤི་ཐེབས་པ། ཡུལ་གྱར་དུ་འགྲོ་དགོས་པ་སོགས་སྡུག་བསྔལ་ཚབས་ཆེན་གྱི་ནང་དུ་ལྷུང་ཞིང། གཅིག་གྱུར་ཐོག་བདེ་འཇགས་ཡོང་བའི་རེ་འདུན་རྒྱུན་མི་ཆད་པར་མཐོ་རུ་སོང་བ་ཞིག་བྱུང་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།