Jump to content

ཁ་བཏགས།

ཡོང་ཁུངས་Wikipedia

ཁ་བཏགས་ནི་བོད་ཀྱི་གུས་ལུགས་མཚོན་བྱེད་ཀྱི་ཡོ་བྱད་ཅིག་ཡིན།

ཁ་བཏགས།


གཅིག ཁ་བཏགས་དར་ཚུལ།

[རྩོམ་སྒྲིག]

ཁ་བཏགས་འདི་འཛམ་གླིང་དུ་ཐོག་མར་གསར་བཏོད་མཁན་བོད་ཡིན། སྤྱིར་གནའ་བོའི་ལོ་རྒྱུས་དག་ལས་ཁ་བཏགས་ཀྱི་ལོ་རྒྱུས་དང་བྱུང་བ་ཁོངས་དག་ཅིག་ཧ་ཅང་རྙེད་དཀའ། རེད་དེ་བོད་ཀྱི་ཡུལ་སྲོལ་དང་རྒན་རབས་ཀྱི་ངག་རྒྱུན་དག་ལོ་རྒྱུས་དང་བསྡུར་ཏེ་དཔྱད་ན། ཁ་བཏགས་ནི་གནའ་བོའི་བོད་ཀྱི་སྤྱི་ཚོགས་སུ་དར་བའི་དམུ་ཐག་ཅེས་པ་དང་འབྲེལ་བ་ཡོད་པར་སྣང་། དམུ་ཐག་ཅེས་པ་ནི་གནའ་བོའི་ཐ་སྙད་ཅིག་སྟེ་གནམ་སའི་བར་གྱི་ཐག་པ་སྟེ་ཐག་པ་དཀར་པོའི་སྐས་ཐེམ་ལྟ་བུ་ཞིག་ཡོད་པར་ངོས་འཛིན། དེ་ནི་བོད་རྒྱལ་ཐོག་མ་བཙན་པོ་གཉའ་ཁྲི་ནི་དམུ་ཐག་ཅེས་པ་དེ་བརྒྱུད་ནས་ལྷ་ཡུལ་ནས་མི་ཡུལ་ལ་བབས་པར་ངོས་འཛིན་གནང་། མ་ཟད་གནམ་གྱི་ཁྲི་བདུན་ཡང་འདས་ཁར་དམུ་ཐག་ལ་འཇུས་ནས་གནམ་སྟེ་ལྷ་ཡུལ་ལ་གཤེགས་སོང་བར་གྲགས། འདི་ནི་ང་ཚོའི་ལོ་རྒྱུས་ལ་གྲགས་པའི་གཏམ་རྒྱུད་རེད། གཏམ་རྒྱུད་འདིས་བོད་སྤྱི་ཚོགས་སུ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་ནི་དུས་དེ་ནས་བཟུང་མི་རྣམས་ཀྱིས་སོ་སོའི་སེམས་ནང་དུ་དམུ་ཐག་ཅེས་པའི་ཡ་མཚན་པའི་ཐག་སྐས་དེ་ལ་འཇུས་ནས་ལྷ་ཡུལ་ལ་འགྲོ་ཐུབ་ན་སྙམ་པའི་རེ་བ་དེ་འཚོ་བའི་གླེང་བྱ་དང་ཕུགས་འདུན་མངོན་སུམ་དུ་གྱུར་སོང་། དེ་རྗེས་རིམ་གྱིས་སྐུ་མགྲོན་གལ་ཆེན་དང་ནང་མི་སེར་སྐྱ་ཕར་སྐྱེལ་ཚུར་བསུའི་སྐབས་སུ་ལྷ་ཡུལ་ནས་མར་འོང་བ་དང་ཡང་ན་ཡར་ལྷ་ཡུལ་ལ་འགྲོ་བའི་རྟེན་འབྲེལ་མཚོན་བྱེད་དུ། ས་དཀར་དང་རྩམ་པས་གོས་ཀྱི་གོང་བའི་སྟེང་དུ་དཀར་ཐིག་རྒྱག་པའི་སྲོལ་དར། བར་སྐབས་ཤིག་ནས་བལ་དཀར་པོའི་སྐུད་པ་རེ་ཕྲག་སྟེང་དུ་འཐེན་པ་དང་བཙེམ་པ། བལ་དཀར་པོ་འབབ་མ་རེ་སྟེར་བ་དང་བལ་འཐག་གྲུབ་བྱས་པ་མགུལ་དུ་འཐེན་པ་སོགས་བྱུང་། རིམ་གྱིས་བླ་དཔོན་སོགས་མཇལ་འཕྲད་དང་སྐྱེལ་བསུའི་སྐབས་ཀུན་ཏུ་སྤྱོད་སྒོ་ཇེ་ཆེར་སོང་།

གཉིས། ཁ་བཏགས་ཀྱི་མཚོན་དོན།

[རྩོམ་སྒྲིག]

    རྗེས་སུ་སོག་པོས་བོད་ས་གནས་མི་ཉུང་བ་དབང་སྒྱུར་སྐབས་སུ་བོད་ཀྱི་སྐུ་དྲག་བླ་དཔོན་དག་ལ་འཚམས་ཆེད་དར་གོས་དཀར་པོས་མགུལ་གཡོག་པ་དང་ཕྱག་ཏུ་འབུལ་བའི་སྲོལ་དར། སྐབས་འདི་ནས་བཟུང་ཁ་བཏགས་ཀྱི་མིང་འདི་མངོན་གྱུར་བྱུང་བར་མ་ཟད། ཁ་བཏགས་ཀྱི་མཚོན་དོན་ལའང་འགྱུར་བ་ཕྱུང་སྟེ། ཁ་བཏགས་ནི་ཁ་དགེ་བཀྲ་ཤིས་ཀྱི་སྣེ་ཁྲིད་པ་དང་ཁ་གཡང་གི་མགྲིན་ཚབ་པ། མཐུན་སྒྲིལ་གྱི་ལམ་ཁྲིད་པ།མི་དེ་མཐོང་ཆེན་དང་གུས་བཀུར་གྱི་རྣམ་པ་མཚོན་བྱེད་ཅིག་ཏུ་གྱུར། དེ་བཞིན་རྒྱུ་སྤས་དར་གོས་སྣ་ཚོགས་དང་། ཁ་དོག་དཀར་སེར་དམར་ལྗང་སྔོན་པོ་སོགས། རི་མོ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་དང་པ་ཏྲའི་རིགས་སོགས། རྣམ་པ་དང་ཆེ་ཆུང་། རིང་ཐུང་སོགས་འདྲ་མིན་སྣ་ཚོགས་སུ་འགྱུར་བ་བྱུང་སྟེ་ཉིན་རྒྱུན་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ནས་དར་ཁྱབ་ཏུ་སོང་། དེ་བཞིན་དཀར་ཞིང་གཙང་བའི་གྲུབ་ཆ་འདིས་གཏོང་ཡུལ་གྱི་ལུས་ངག་ཡིད་གསུམ་ལ་ཉེས་སྐྱོན་གྱི་དྲི་མས་མ་སྦགས་པས་ཁ་བཏགས་གཏོང་རིན་ཡོད་པ་དང་། གཏོང་མཁན་གྱི་ལྷག་བསམ་དེ་དྲི་མས་མ་གོས་པའི་དྭངས་གཙང་ཞིག་ཡིན་པ་མཚོན་ཡོད། སྲིད་ན་རིང་བའི་གྲུབ་ཆ་འདིས་གཏོང་ཡུལ་དང་གཏོང་མཁན་གྱི་འབྲེལ་ལམ་དང་བརྩེ་བ་ཆུ་རྒྱུན་ལས་ཀྱང་རིང་བ་མཚོན་གྱིན་ཡོད། ཁ་ཚར་མང་བའི་གྲུབ་ཆ་འདིས་མངའ་ཐང་སྟོབས་འབྱོར་དར་བའི་རྟེན་འབྲེལ་མཚོན་གྱིན་ཡོད། དེ་མིན་དམངས་ཁྲོད་དུ་གཏོང་ཡུལ་མི་འདྲ་བ་དང་གནས་ཚུལ་མི་འདྲ་བ་སྣ་ཚོགས་ཀྱིས་དབང་གིས་མཚོན་དོན་དང་གཏོང་ལུགས། ཁ་བཏགས་ཀྱི་བཤད་པ་སོགས་ཀྱང་འདྲ་མིན་སྣ་ཚོགས་ཚོགས་ཤིག་འོང་གིན་ཡོད་པས་སྐབས་ཐོབ་མི་འདྲ་བའི་གོ་བའང་མི་འདྲ་བ་སྣ་ཚོགས་ལེན་རྒྱུ་ཡོད་པ་ཡིན། དེ་བཞིན་རྒྱ་ནག་ལ་དར་དེ་ཆིང་རྒྱལ་རབས་ཀྱི་སྐབས་སུ་གོང་མའི་ནང་མཛོད་ནས་དར་བའི་ཁ་བཏགས་འདོམ་གསུམ་མ་སོགས་མང་དུ་བྱུང་། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མི་ཉུང་བ་ཞིག་ན་ཁ་བཏགས་དཀར་པོ་དེ་ལྷག་ཏུ་ལག་ལེན་བྱ་བའི་སྲོལ་ཆེས་ཆེར་དར་ཁྱབ་ཏུ་འགྲོ་བཞིན་ཡོད་པ་དང་དེ་ནི་སྤྲོ་སྣང་དང་ཁྱད་མཚར་ལྡན་པའི་ཡུལ་སྲོལ་རིག་གནས་ཤིག་ལ་ངོས་འཛིན་གནང་བཞིན་ཡོད།

གསུམ། ཁ་བཏགས་ཀྱི་མིང་།

[རྩོམ་སྒྲིག]

དེ་བཞིན་ཁ་བཏགས་ཀྱི་མིང་ལའང་སྣ་ཚོགས་བྱུང་སྟེ། ཁ་བཏགས། ནང་མཛོད། དར་ཁ། ཁ་དར། ཨ་ཤེ  སྐྱ་ཆེན། འདོམ་གསུམ་མ། ཉིན་མོ་བདེ་ལེགས། དཀོན་མཆོག་རིན་ཆེན། ལྷ་རེག ལྷ་རྫས། མཇལ་དར། བསོད་བཏགས། འཕྲིན་ལས་དར་རྒྱས་སོགས་ཡུལ་དུས་མི་འདྲ་བའི་མིང་སྣ་ཚོགས་བྱུང་ཡོད།

བཞི། ཁ་བཏགས་གཏོང་ཡུལ།

[རྩོམ་སྒྲིག]

ཁ་བཏགས་འབུལ་ཡུལ་ནི་མཆོག་གསུམ་གྱི་རྟེན་གསུམ་མཆོད་མཇལ། ལྷ་གསོལ་བསང་གཏོང་། བླ་དཔོན་མཇལ་འཕྲད་དང་། འཚམས་འདྲི། དགའ་རྟགས། གཟེངས་བསྟོད། མགྲོན་པོ་སྐྱེལ་བསུ། གཉེན་སློང་། ཞུ་བཤགས། དུས་སྟོན། གླུ་གཞས། དེ་བཞིན་ལེགས་སྐྱེས་གནང་སྦྱིན་འབུལ་བ་སོགས་ཀྱི་དངོས་རྫས་དག་དང་ལྷན་དུའང་ཁ་བཏགས་རེ་འབུལ་སྲོལ་ཡོད་པ་སོགས་བཀྲ་ཤིས་དགེ་ལེགས་སོགས་ཀྱི་མཚོན་དོན་གང་མང་ལ་འབུལ་ཆོག་པ་ཡིན།

ལྔ། ཁ་བཏགས་འཛིན་ལུགས།

[རྩོམ་སྒྲིག]

རྒྱུན་པར་ཁ་བཏགས་གཏོང་སྐབས་ཞིང་ཆེ་བ་ཞིག་ཡིན་ན་ཉིས་ལྟེབ་བྱ་ཞིང་གཏོང་ཡུལ་ལ་ལྟེབ་ཁ་འཁོར་བ་དང་། རང་ལ་ལྟེབ་ཁུགས་འཁོར་བར་བྱས་ནས་འབུལ་དགོས། དེ་ནི་གཙོ་བོའི་མཚོན་དོན་དེ་ཆོས་རྣམས་རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བས། ཁ་དགེ་བཀྲ་ཤིས་དང་བསོད་ནམས། ཕྱྭ་གཡང་ནོར་ལོངས་སྤྱོད་བཅས་ལེགས་ཚོགས་ཐམས་ཅད་ཁ་བཏགས་ཀྱི་ལྟེབ་ཁུགས་སུ་བཞག་སྟེ་གཏོང་ཡུལ་ལ་ཁ་ཕྱོགས་ནས་འབུལ་བ་དང་། དཔེར་ན་རིན་པོ་ཆེའི་སྣོད་ནང་དུ་གསེར་དངུལ་བླུགས་སྟེ་སྣོད་ཀྱི་ཁ་འབུལ་ཡུལ་ལ་ཕྱོགས་ནས་ཕུལ་བ་ལྟ་བུ་ཡིན། གུས་པ་མཚོན་དགོས་རིགས་ལ་ལུས་ཅུང་མདུན་དུ་གུག་པ་དང་། ལག་ཟུང་གིས་ཁ་བཏགས་མཐོ་སར་འདེགས་དགོས།

དྲུག ཁ་བཏགས་གཏོང་ལུགས།

[རྩོམ་སྒྲིག]

ཁ་བཏགས་གཏོང་ལུགས་ལ་ཁྱད་པར་དང་མཚོན་དོན་ཆེན་པོ་ཡོད། དཔེར་ན་ཁ་བཏགས་གཏོང་ཡུལ་ལ་གུས་པ་མཚོན་དགོས་པའི་རིགས་ཏེ། ཡོན་ཏན་པ་དང་བླ་དཔོན་སོགས་མི་སྣ་དྲག་ཤོས་དང་ལྷག་ཏུ་རང་གི་དགེ་རྒན་ཕ་མ་སོགས་གུས་པ་མཚོན་དགོས་པའི་རིགས་ཡིན་ན། ཁ་བཏགས་འབུལ་སྐབས། ལུས་ཀྱི་གུས་པ་དང་བཅས་གཏོང་ཡུལ་གྱི་ཅུང་དམའ་ས་སྟེ་ཕྱག་དང་མདུན་དུ་འབུལ་དགོས་པ་ལས་ཕྲག་སྟེང་དང་མགུལ་དུ་བསྒྲོན་ན་གུས་ལུགས་དང་མི་ཆོས་ལ་གོ་རིམ་མེད་པ་མཚོན་པས་མི་ལེགས་པ་ཡིན། དེ་བཞིན་རང་དང་མཉམ་པའི་གྲོགས་པོའམ་འབྲེལ་བ་སྤྱིར་བཏང་བ་དག་ལ་ཕྱག་ནས་ཕྱག་ཏུ་གཏོང་ལེན་བྱས་ན་ཧ་ཅང་ལེགས་པོ་ཡོད། དེ་མིན་དགེ་རྒན་སོགས་མི་སྣ་གལ་ཆེན་དག་གིས་རང་གི་སློབ་མ་སོགས་སྤྱིར་བཏང་གི་མི་དཀྱུས་མ་དག་ལ་ཁ་བཏགས་གཏོང་སྐབས་དང་། ཁ་བཏགས་དང་ལེན་སྐབས་སོགས་སུ་མགུལ་དུ་ལེན་པ་དང་མགུལ་དུ་བསྒྲོན་དགོས་པ་ཡིན། འདི་ནི་སྤྱིར་བཏང་རྒྱུག་ཆེ་བའི་ཁ་བཏགས་གཏོང་ཚུལ་ཡིན་ལ་དེ་མིན་སྐབས་ཐོབ་ཀྱི་དགོས་དབང་དང་དམིགས་ཡུལ་མི་འདྲ་བས་དམངས་ཁྲོད་དུ་གཏོང་ཚུལ་དང་ལེན་ཚུལ་མི་འདྲ་བ་མང་དུ་དར་ཡོད།

བདུན། ཁ་བཏགས་ཀྱི་ཐོབ་ཐང་།

[རྩོམ་སྒྲིག]

    དེང་གི་ཁ་བཏགས་ཀྱི་ཁ་དོག་ལ་དཀར་པོ། སེར་པོ། དམར་པོ། སྔོན་པོ། ལྗང་ཁུ་སོགས་སྣ་ལྔ་ལས་གྲུབ་པ་ཡོད་ལ། དཀར་པོ་ནི་སྐྱེ་བོ་མཆོག་དམན་སུ་ཡིན་ཁྱད་མེད་པར་གཏོང་ལེན་བྱ་ཆོག་པར་མ་ཟད། མཚོན་དོན་དང་གྲུབ་ཆའང་ཕུན་སུམ་ཚོགས་པས་སྤྱི་ཚོགས་ཁྲོད་དུ་ཧ་ཅང་རྒྱུག་ཆེ་བའི་ཁ་བཏགས་གཅིག་པུ་དེ་ཡིན། ཁ་བཏགས་ཀྱི་ཐོབ་ཐང་ལྟར་བཤད་ན་སྔོན་པོས་ནམ་མཁའ་མཚོན་པས་གོ་གནས་ཆེས་མཐོ་ཤོས་ཡིན། དེ་ནས་སྤྲིན་པ་དཀར་པོ། རླུང་དམར་པོ། ས་སེར་པོ། ཆུ་ལྗང་ཁུ་སོགས་སོ་སོའི་ཁ་དོག་མཚོན་པ་ཡིན། ཁ་བཏགས་འབུལ་སྐབས་སྔོན་པོ་དང་དཀར་པོ་དམར་པོ་གསུམ་གྱིས་གཏོང་ཡུལ་མཚོན་པས་སྟེང་ཕྱོགས་སུ་འཇོག་པ་དང་། སེར་པོ་ལྗང་ཁུ་གཉིས་ཀྱིས་རང་ཉིན་མཚོན་པས་འོག་ཏུ་བཞག་སྟེ་འབུལ་དགོས། དེའི་ཕྱིར་སྣ་ལྔ་ལས་རྒྱུན་པར་དཀར་པོ་འདི་མི་སུ་ཡིན་གྱིས་སྤྱོད་བདེར་གྱུར་ཡོད་པ་དང་། གཞན་པ་དག་ལ་མཚོན་དོན་ཐུན་མིན་རེ་ལྡན་པས་གོ་རིམ་དང་དམིགས་ཡུལ་ཡོད་པའི་འོག་ནས་ལག་བསྟར་བྱ་དགོས་པ་ལས། བྱུང་རྒྱལ་དུ་གཏོང་རྐྱང་ཞིག་མིན་པ་ཤེས་དགོས།

བརྒྱད། ཁ་བཏགས་མི་གཏོང་བའི་ཡུལ།

[རྩོམ་སྒྲིག]

མ་གཞི་ཁ་བཏགས་ཀྱིས་ནི་བཀྲ་ཤིས་དང་། བདེ་སྐྱིད། བརྩེ་བ། བསོད་ནམས། ཆེ་བ། གུས་པ། ཁ་དགེ་ཞལ་དྲོ་སོགས་ཕུན་སུམ་ཚོགས་པའི་དགོད་སྒྲ་དང་འཛུམ་མདང་ཞིག་མཚོན་གྱིན་ཡོད་པས། མི་ཤི་ཁྱིམ་སྟོང་དང་། བཀྲ་མི་ཤིས་པའི་དོན་རྐྱེན་སོགས་ལ་ཁ་བཏགས་གཏོང་ན་མི་ལེགས་པ་ཡིན་ལ། གཏོང་སྲོལ་ཡང་ཆེར་མེད་པར་སྣང་།

དགུ ཁ་བཏགས་ལ་ཚང་དགོས་པ།

[རྩོམ་སྒྲིག]

ཁ་བཏགས་ལ་འཛོམས་དགོས་པའི་ཆ་རྐྱེན། གཅིག དྭངས་གཙང་དྲི་མས་མ་གོས་པ། གཉིས། སྲིད་ན་རིང་བ། གསུམ། ཁ་ཚར་ལྷན་ཆགས་སུ་ཡོད་པ།

དེས་ན་ལྷག་ཏུ་བོད་མི་ཞིག་ཡིན་ཕྱིན་ཁ་བཏགས་ཀྱི་བྱུང་རིམ་དང་གཏོང་ཚུལ་མཚོན་དོན་སོགས་ཀྱི་རྒྱུན་ཤེས་འདི་འདྲ་རེ་མ་ཤེས་ཐབས་མེད་དུ་སྣང་བས་འདི་ལ་དོ་སྣང་གནང་རྒྱུ་དེ་གལ་ཆེན་ཞིག་ཏུ་ཆགས་ཡོད།


ཁ་བཏགས་ཀྱི་འགྲེལ་བཤད།

[རྩོམ་སྒྲིག]

ཁ་བཏགས་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་ནི། བཤད་སྲོལ་ལ་བླ་དཔོན་སོགས་མཇལ་འཕྲད་ཞུ་བའི་ཐོག་མར་སྐྱབས་འཇུག་ཞུ་བའི་གཏམ་གྱི་སྔོན་འགྲོར་ཁ་ནས་གླེང་དགོས་པའི་དོན་དེ་ནག་ནོག་དྲི་མས་མ་གོས་པའི་དར་དཀར་ལྟར། ལྷད་མེད་ཡིན་པ་མཚོན་དོན་དུ་བཏགས་ཏེ། སྔོན་དུ་གཏོང་བ་ཡིན་པས་ཁ་བཏགས་ཞེས་བྱ་བ་ཡིན་ཟེར། ཁ་བཏགས་འདི་རྟེན་འབྲེལ་དགའ་སྟོན་གྱི་སྐབས་སུ་དགོས་པར་མ་ཟད། ལྷ་ཁང་ཁག་ལ་མཆོད་མཇལ་ཞུ་སྐབས་ལྷ་སྐུར་བསྒྲོན་རྒྱུའི་ཁ་བཏགས་ལ། མཇལ་དར་རམ་སྙན་དར་ཞེས་བརྗོད་ཅིང༌། བླ་མ་མཇལ་སྐབས་དང་དཔོན་པོར་བདེ་སྡུག་ཞུ་སྐབས་དང༌། ཕ་མ་ཕྲུ་གུའི་བར་དང༌། དགའ་ཉེ་བློ་དཀར་ཕན་ཚུན་བར། འགྲུལ་པ་ཐོན་རྗེས་གདན་ཐོག་ཁ་བཏགས་བཞག་པར་ཞེས་པ་སོགས། ཁ་བཏགས་འགྲོ་ཁུངས་ཧ་ཅང་མང་པོ་ཡོད། བཀྲ་ཤིས་པའི་རྟེན་འབྲེལ་གྱི་རིགས་ལ་བེད་སྤྱོད་བྱེད་ཀྱི་ཡོད་པར་མ་ཟད། བཀྲ་མི་ཤིས་པའི་རྐྱེན་ངན་བྱུང་བའི་སྐབས་སུ་ཡང་བེད་སྤྱོད་པའི་ཐོག་མའི་ལོ་རྒྱུས་ཀྱང་སྔོན་དུས་སུ་ཕན་ཚུན་གཅེིག་སེམས་གཅིག་ལ་དཀར་བའི་གྲོགས་པོ་དབུལ་ཕྱུག་གཉིས་ཡོད་པ་ལས། དུས་ནམ་ཞིག་གི་ཚེ་ཕྱུག་པོ་དེ་ཚེས་ལས་འདས་སྐབས་གྲོགས་པོ་དབུལ་པོར་བློ་ཕམ་ཧ་ཅང་ཆེན་པོ་བྱུང་སྟེ་བྱ་ཐབས་ཟད་དེ། རང་ཉིད་ཀྱི་བ་ཕྱུགས་འདོགས་བྱེད་ཀྱི་བལ་དཀར་ལས་བཟོས་པའི་ཐག་པ་དེ་གྲོགས་པོ་ཤི་བའི་སྐེ་ལ་གཡོགས་ཏེ་སེམས་དཀར་བའི་ལྷག་བསམ་མཚོན་པར་བྱས། དེ་ནས་བཟུང་རྗེས་སུ་ཁ་བཏགས་ཐོན་པ་མི་ཤི་བའི་རོ་ལ་ཁ་བཏགས་གཡོགས་པར་སྤུར་དར་ཞེས་བརྗོད་སྲོལ་བྱུང་འདུག 

ཁ་བཏགས་འབུལ་བའམ་ཕན་ཚུན་སྤྲོད་རེས་བྱེད་པའི་མཚོན་དོན་སྣ་ཚོགས་ཤིག་ཡོད་ན་ཡང༌། ཁ་དོག་དཀར་པོ་ཞིག་ངེས་པར་དུ་དགོས་པ་ནི་སེམས་དཀར་བའི་ལྷག་བསམ་མཚོན་པར་བྱེད་ཆེད་ཡིན་པར་བསམ། ལྷ་དང་བླ་མ་སོགས་ལ་ཁ་བཏགས་འབུལ་བ་ནི་དད་གུས་ཀྱི་ལྷག་བསམ་དཀར་བ་མཚོན་བྱེད་དང༌། སྨོན་པའི་དོན་རྣམས་འགྲུབ་པའི་ཆེད་དུ་རེད། དཔོན་པོར་ཁ་བཏགས་འབུལ་བ་དེ་བདེ་སྡུག་གི་ཞུ་བྱའི་དོན་དེ་རྫུན་གཡོ་སྒྱུ་སོགས་ཀྱིས་བསྲེས་ལྷད་མེད་པའི་ལྷག་བསམ་དཀར་བའི་བདེན་གཏམ་མཚོན་བྱེད་ཡིན་པར་མ་ཟད། མི་སེར་གྱི་གཏམ་དཔེར་ཡང་རིང་ཁ་བཏགས་དང་ཐུང་ཐལ་མོ་སྦྱར་ནས་ཞུས་པ་ཡིན་ཟེར་བའི་སྲོལ་ཡོད། ཕ་མ་བུ་ཕྲུག་སྤུན་མཆེད་དགའ་ཉེ་བློ་དཀར་བཅས་ཕན་ཚུན་ཁ་བཏགས་སྤྲོད་སྲོལ་ཡོད་པ་དེ་ཕན་ཚུན་གྱི་མཛའ་བརྩེའི་ལྷག་བསམ་དཀར་པོ་མཚོན་པར་བྱེད་པའི་ཆེད་དུ་ཡིན། 

ཁ་བཏགས་བེད་སྤྱོད་བྱེད་སྟངས་ཐད་ལ། དཔེར་ན། ྋརྒྱལ་བ་ཐམས་ཅད་མཁྱེན་པ་རྣམ་གཉིས་གཙོས་པའི་བླ་མ་སྐྱེས་ཆེན་ཁག་གི་མཇལ་མང་གཏོང་སྐབས་སུ་ཁ་བཏགས་དེ་མགྲོན་གཉེར་གྱི་ཕྱག་ཏུ་འབུལ་བ་དང༌། སྙན་ཞུ་རིམ་པ་ཁག་ལ་ཡིག་རྒྱའི་ནང་ཁ་བཏགས་མཚམས་ལྟེབ་བརྒྱབ་སྟེ་བླུག་པར་ཞུ་རྟེན་ལྷ་གོས་དང་ལྷ་རེག་སྙན་དར་ཞེས་འབོད་སྲོལ་དང༌། དགོན་པ་ཁག་ལ་འབུལ་རྒྱུའི་སྐྱབས་ཐོའི་ཡི་གེ་ཁ་བཏགས་ལ་སྒྲིལ་དགོས་པ། དེ་མིན་བླ་སྤྲུལ་ཁག་དང༌། སེར་སྐྱ་དཔོན་རིགས་ལ་ཁ་བཏགས་ལྕོག་རྩེའི་ཐོག་ནར་གཏོང་བྱེད་པ། བླ་དཔོན་གོ་ས་མཐོ་དམའ་འདྲ་བ་རྣམས་ལ་ཕན་ཚུན་སྣེ་སྤྲོད་ཅེས་ལག་སྤྲོད་བྱེད་པ། འདི་ཡན་གྱི་ཁ་བཏགས་འབུལ་ལྟེབ་རྒྱག་སྲོལ་འདུག རང་ལས་དམའ་བ་རྣམས་ལ་ཁ་བཏགས་སྤྲོད་སྐབས་མཚམས་ལྟེབ་བཞི་ལྟེབ་ཅེས་ཁ་བཏགས་ཆེ་ཆུང་གང་འདྲ་ཡིན་རུང་ལྟེབ་བཞི་ལྟེབ་ཀྱི་ཤོག་ཆག་འོག་དང་དངོས་པོའི་སྟེང་དུ་བཞག་ནས་སྤྲོད་ཀྱི་ཡོད། གྲོལ་སྟོན་དང༌། མང་ཚོགས་ཁག་ལ་ཁ་བཏགས་གཡོགས་སྐབས་ཁ་བཏགས་རྣམས་ཉིས་ལྟེབ་ཀྱི་ཚང་མ་ནར་མོར་མི་ཞིག་གི་ལག་ངར་གཡོན་པའི་སྟེང་དུ་བཞག་ནས་མི་ཞིག་གིས་སྐེ་ལ་གཡོགས་པ་རེད། གཉེན་སྒྲིག་གམ་ཆང་སའི་སྐབས་དང༌། གྲལ་རིམ་མཐོ་ས་ཡིན་ན། ཕྱི་ནང་རྟེན་འབྲེལ་བྱེད་པོས་ཕ་མ་དང་བུ་མནའ་མ་བཅས་ལ་ཁ་བཏགས་ཅོག་ཙེའི་སྟེང་དུ་ནར་གཏོང་བྱེད་པ་སོགས་ཁ་བཏགས་ཀྱི་བེད་སྤྱོད་བྱེད་དགོས་དུས་བྱེད་ལུགས་བྱེད་སྟངས་གང་ཡིན་ཚང་མས་ཤེས་དགོས་པ་གལ་ཆེའོ།།

ཁ་བཏགས་ལ་ནང་གསེས་མང་པོ་ཡོད་པ། དཔེར་ན། ནང་མཛོད། བར་མཛོད། སྙན་དར། ཨ་ཤེ། མཇལ་དར། གདན་དར། ཟུབ་ཕྱི་སོགས་ཡོད་པ་རེད།  འདི་ནི་གཞུང་གཞན་ནས་ཟུར་བཏོན་ཞུས་པ་ལགས་སོ།། །།


ཁ་བཏགས་ནི་བོད་ཀྱི་མཚོན་རྟགས་གཅིག་ཡིན། ཁ་བཏགས་ནི་ཕྱེ་མར་ལས་ཀྱང་བེད་སྤྱོད་མང་བའི་དངོས་རྫས་ཤིག་སྟེ་ཕྱེ་མར་དང་ཡང་མི་འདྲ་བའི་བཀྲ་ཤིས་པ་དང་། བཀྲ་མི་ཤིས་པ་སོགས་ལ་དགོས་པའི་འགྲོ་ཁུངས་རྒྱ་ཆེ་སྟེ། ཁ་བཏགས་འདི་ཡང་གནའ་དུས་བོན་གྱི་ལུགས་ལས་དར་ཟེར་ཡང་སྐབས་དེར་བོད་དུ་དར་གོས་འཐག་པའི་ལག་རྩལ་དར་མེད་པས་དོན་ལ་གནས་མིན་མ་ངེས་ཀྱང་སྔ་མོ་ཁ་བཏགས་ཀྱི་དོད་ལ་བལ་སྤྱོད་སྲོལ་ཡོད་པར་གྲགས་པ་འདི་ཡང་དཔྱད་གཞིར་འཛིན་འོས་པ་ཞིག་ཡིན་སྙམ་སྟེ། སྔར་རྒྱལ་པོ་སྤུ་དེ་གུང་རྒྱལ་གྱི་དུས། “འཕྲུལ་གཤེན་བལ་ཐོད་ཅན་”ཞེས་བོང་བུའི་རྣ་བ་ཅན་གྱི་གཤེན་གྱི་གདུང་རྒྱུད་བྱིས་པ་ཞིག་གི་བོང་རྣ་སྒྲིབ་བྱེད་དུ་བལ་གྱི་ཐོད་བཅིང་པར་གྲགས་ལ་དེང་གི་ཆར་ཡང་ཞིང་འབྲོག་ཁུལ་དུ་ལོ་གསར་གཏོང་བའི་ཚེ་ཆང་སྣོད་དང་། ཆུ་སྣོད་སོགས་ལ་བལ་གྱི་འཆིང་དཀྲི་བ་མཐོང་རྒྱུ་ཡོད་པའི་ཐོག་ནས་སྔོན་དུས་བོན་ལུགས་ཀྱི་བལ་གཡོག་སྲོལ་དེ་རིམ་བཞིན་དར་བ་དང་། ཁ་བཏགས་བེད་སྤྱོད་སྲོལ་དུ་གྱུར་པ་མིན་ནམ་སྙམ། ཡང་རྒྱ་ནག་དང་སོག་ཡུལ་དུ་གནའ་རབས་ཀྱི་ལུགས་སྲོལ་ལ་དར་གོས་ཡུག་ཆེན་ཕྱག་རྟགས་སུ་འབུལ་བ་དེ་རྗེས་སོར་རིམ་པས་ཁུ་བསྡུས་སུ་སོང་སྟབས་དར་དཀར་ཁ་འཛར་ཡོད་པ་དེར་ཐུག་པ་ཡིན་ཙང་ཁ་བཏགས་ཞེས་མིང་བཏགས་དེ་བོད་དུ་ཡང་ཁ་བཏགས་འབུལ་སྲོལ་དེ་གོམས་སྲོལ་དུ་ཆགས་པ་ཡིན་ཚོད། སྤྱིར་ཁ་བཏགས་ལ། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་ཚིག་མཛོད་ཁག་ཏུ་ཁ་དར་རམ་མཇལ་དར་དང་། ལྷ་རེག ལྷ་རྫས་བཅས་ཐ་སྙད་མི་འདྲ་བ་འབོད་སྲོལ་འདུག ཁ་བཏགས་ལ་ནང་གསེས་རིགས་མི་འདྲ་བ་བརྒྱད་ཙམ་ཡོད་པ་ལས། ༡.ནང་མཛོད།(མཛོད་ནང་མའི་ཁ་བཏགས་) ནང་མཛོད་ལ་མི་འདྲ་བ་ཁ་ཤས་ཡོད་ན་ཡང་ནང་མཛོད་གསར་པ་རྣམས་ཀྱི་རི་མོར་དཀྱིལ་དུ་རྣམ་བཅུ་དབང་ལྡན་དང་ཕྱེད་ཀ་ཕྱེད་ཀར་བཀྲ་ཤིས་རྟགས་བརྒྱད། མཐའ་གཉིས་ལ། ཡི་གེ་དབུ་ཆེན་གྱི་“ཉིན་མོ་བདེ་ལེགས། མཚན་བདེ་ལེགས། ཉི་མའི་གུང་ཡང་བདེ་ལེགས་ཤིང་། ཉིན་མཚན་རྟག་ཏུ་བདེ་ལེགས་པ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག་”ཅེས་དང་ཁ་འཛར་ཉིས་བརྩེགས་ཡོད། ༢.སོག་དར་ཞེས་པ་མིང་དུ་ཆགས་པའི་དར་སྔོན་པོ་ཐུང་ངུ་ཞིག་ཡོད་པ་དེ་ཏཱ་ལའི་བླ་མས་དཔོན་རིགས་མཐོ་གྲས་ལ་ལྗགས་མདུད་དུ་སྩལ་བ་ལས་རྣམ་ཀུན་བེད་སྤྱོད་མི་བྱེད། ༣.བར་མཛོད། (མཛོད་པར་མའི་ཁ་བཏགས་)༤.ཨ་ཤེ། ཨ་ཡུ་ཤེ་ཞེས་པ་སོག་སྐད་ཡིན་ཅིང་། དེ་ལ་ཚེ་དཔག་མེད་ཀྱི་སྐུ་བརྙན་རི་མོར་རྒྱབ་ཡོད་པས་དེ་ལྟར་མིང་དུ་ཆགས་པ་རེད་ཟེར། ༥.ཟུབ་ཕྱི། ༦.ཕྱི་མཛོད། (མཛོད་ཕྱི་མའི་ཁ་བཏགས་)འདི་མན་ཆད་སྤུས་ཞན། ༧.ཁ་བསོད་དམ་བསོད་བཏགས། ༨.ཁ་ཕྱི་འམ་དྲིན་ཕྱི་དུས་ཕྱིས་ཐོན་པ་ཨ་འདྲའམ་ཟུབ་ཕྱི་ཆུ་རིས་ཅན་ཞེས་པ་དེ། ཨ་ཤེ་ལས་ཞན་པ། ཟུབ་ཕྱི་ལས་ལེགས་པར་རྩིའོ། ཁ་བཏགས་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་ནི་བཤད་སྲོལ་ལ། བླ་དཔོན་སོགས་མཇལ་འཕྲད་ཞུ་བའི་ཐོག་མར་སྐྱབས་འཇུག་ཞུ་བའི་གཏམ་གྱི་སྔོན་འགྲོར་ཁ་ནས་གླེང་དགོས་པའི་དོན་དེ་ནག་ནོག་དྲི་མས་མ་གོས་པའི་དར་དཀར་ལྟར་ལྷད་མེད་ཡིན་པ་མཚོན་དོན་དུ་བཏགས་ཏེ་སྔོན་དུ་གཏོང་བ་ཡིན་པས་ཁ་བཏགས་ཞེས་བྱ་བ་ཡིན་ཞེས་ཟེར་ལ། སྔ་རབས་ཀྱི་འབོད་སྲོལ་ནི་དར་ཚོན་སྣ་སྔའམ་དར་དཀར་རམ། དར་དམར་སོགས་དར་གོས་ཀྱི་རྒྱུ་ལས་གྲུབ་པའི་ཐ་སྙད་ལས་བཏགས་ཟེར། ཁ་བཏགས་འདི་རྟེན་འབྲེལ་དགའ་སྟོན་གྱི་སྐབས་སུ་དགོས་པ་མ་ཟད། ལྷ་ཁང་ཁག་ལ་མཆོད་མཇལ་ཞུ་སྐབས་ལྷ་སྐུར་སྒྲོན་རྒྱུའི་ཁ་བཏགས་ལ་སྙན་དར་རམ་སྙན་ཤལ་ཞེས་བརྗོད་ཅིང་། བླ་མ་མཇལ་སྐབས་དང་། དཔོན་པོར་བདེ་སྡུག་ཞུ་སྐབས། ཕ་མ་ཕྲུ་གུའི་བར་སྤུན་ཉེ་ལྟོས་བཅས་བར། དགའ་ཉེ་བློ་དཀར་ཕན་ཚུན་བར། མདོར་ན། འགྲུལ་པ་ཐོན་རྗེས་གདན་ཐོག་ཁ་བཏགས་བཞག་པར་གདན་དར་ཞེས་པ་སོགས་ཁ་བཏགས་འགྲོ་ཁུངས་ཧ་ཅང་མང་ངོ་། ཁ་བཏགས་འདི་བཞིན་བཀྲ་ཤིས་པའི་རྟེན་འབྲེལ་གྱི་རིགས་ལ་བེད་སྤྱོད་པ་ཙམ་དུ་མ་ཟད། བཀྲ་མི་ཤིས་པའི་རྐྱེན་ངན་བྱུང་བར་ཡང་བེད་སྤྱོད་པའི་ཐོག་མའི་ལོ་རྒྱུས་ཀྱང་། སྔོན་དུས་ཕན་ཚུན་གཅིག་སེམས་གཅིག་ལ་དཀར་བའི་གྲོགས་པོ་དབུལ་ཕྱུག་གཉིས་ཡོད་པ་ལས་དུས་ནམ་ཞིག་གི་ཚེ་གྲོགས་པོ་ཕྱུག་པ་དེ་འདས་གྲོངས་སུ་གྱུར་སྐབས་གྲོགས་པོ་དབུལ་བ་དེ་བློ་ཕམ་ཧ་ཅང་ཆེན་པོ་བྱུང་སྟེ་གཞན་གྱི་བྱ་ཐབས་ཟད་དེ་རང་ཉིད་ཀྱི་བ་ཕྱུགས་འདོག་བྱེད་ཀྱི་བལ་དཀར་པོ་ལས་བཟོས་པའི་ཐག་པ་དེ་གྲོགས་པོ་ཤི་བ་དེའི་སྐེ་ལ་གཡོགས་ཏེ་སེམས་པ་དཀར་པའི་ལྷག་བསམ་མཚོན་པར་བྱས། དེ་ནས་བཟུང་རྐྱེན་ངན་འབྱུང་སྐབས་བལ་སྣལ་མའམ། ཁ་བཏགས་ཐོན་རྗེས་སུ་མི་ཤི་བའི་རོ་ལ་ཁ་བཏགས་གཡོགས་པར་སྤུ་དར་ཞེས་བརྗོད་སྲོལ་ཆགས་པ་ཡིན་སྐད། ཁ་བཏགས་འབུལ་བའམ་ཕན་ཚུན་སྤྲོད་རེས་བྱེད་པའི་མཚོན་དོན་སྤྱིར་དར་ལ་ཚོན་སྣ་ལྔ་སོགས་ཡོད་ན་ཡང་། ཁ་མདོག་དཀར་པོ་ཞིག་ངེས་པར་དུ་དགོས་པ་ནི་སེམས་པ་དཀར་བའི་ལྷག་བསམ་མཚོན་པར་བྱེད་ཆེད་ཡིན་པར་བསམ། ལྷ་དང་བླ་མ་སོགས་ལ་ཁ་བཏགས་འབུལ་བ་ནི་དད་གུས་ཀྱི་ལྷག་བསམ་དཀར་བ་མཚོན་བྱེད་དང་། སྨོན་པའི་དོན་རྣམས་གྲུབ་པའི་ཆེད་དུ་རེད། དཔོན་པོར་ཁ་བཏགས་འབུལ་བ་དེ་བདེ་སྡུག་གི་ཞུ་བྱའི་དོན་དེ་རྫུན་གཡོ་སྒྱུ་སོགས་ཀྱི་བསྲེས་ལྷད་མེད་པའི་ལྷག་བསམ་དཀར་བའི་བདེན་གཏམ་མཚོན་བྱེད་ཡིན་པ་མ་ཟད། མི་སེར་གྱི་གཏམ་དཔེར་ཡང་། རིང་ཁ་བཏགས་དང་ཐུང་ཐལ་མོ་སྦྱར་ནས་ཞུས་པ་ཡིན་ཟེར་སྲོལ་ཡོད། ཕ་མ་ཕྲུ་གུ་སྤུན་མཆེད། དགའ་ཉེ་བློ་དཀར་བཅས་ཕན་ཚུན་ཁ་བཏགས་སྤྲོད་པ་དེ་ཡང་། ཕན་ཚུན་གྱི་མཛའ་བརྩེའི་ལྷག་བསམ་དཀར་པོ་མཚོན་པར་བྱེད་པའི་ཆེད་དུ་ཡིན། ཁ་བཏགས་བེད་སྤྱོད་བྱེད་སྟངས་ཐད། དཔེར་ན་ཏཱ་ལའི་བླ་མ་དང་། པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་གཙོས་བླ་མ་ཆེ་ཁག་ནས་མཇལ་མང་གཏོང་སྐབས་ཁ་བཏགས་དེ་མགྲོན་གཉེར་གྱི་ལག་ཏུ་སྤྲོད་པ་དང་། སྙན་ཞུ་རིམ་པ་ཁག་ལ་ཡིག་རྒྱའི་ནང་ཁ་བཏགས་མཚམས་ལྟབ་བརྒྱབ་སྟེ་བླུག་པར་ཞུ་རྟེན་ལྷ་གོས་དང་། ལྷ་རེག སྙན་དར་ཞེས་འབྲི་སྲོལ་དང་། དགོན་པར་འབུལ་རྒྱུའི་སྐྱབས་ཐོར་སྐྱབས་སྒྲིལ་ཞེས་སྐྱབས་ཐོའི་ཡི་གེ་ཁ་བཏགས་ལ་སྒྲིལ་དགོས་པ། དེ་མིན་བླ་སྤྲུལ་ཁག་དང་། སེར་སྐྱ་དཔོན་རིགས་ཁག་ལ་ཁ་བཏགས་ལྕོག་རྩེའི་ཐོག་ནར་གཏོང་བྱེད་པ། བླ་དཔོན་གོ་ས་མཐོ་དམའ་འདྲ་བ་རྣམས་ཕན་ཚུན་སྣེ་སྤྲོད་ཞེས་ལག་སྤྲོད་བྱེད་པ། འདི་ཡན་གྱི་ཁ་བཏགས་འབུལ་ལྟེབས་རྒྱག་སྲོལ་འདུག རང་ལས་དམའ་བ་རྣམས་ལ་ཁ་བཏགས་སྤྲོད་སྐབས་མཚམས་ལྟེབ་ཅེས་ཁ་བཏགས་ཆེ་ཆུང་ག་འདྲ་ཡིན་རུང་ལྟེབ་བཞི་ལྟབ་ཀྱི་ཤོག་ཆག་གི་འོག་དང་དངོས་པོའི་སྟེང་བཞག་ནས་སྤྲོད་ཀྱི་རེད། གྲོལ་སྟོན་དང་། མང་ཚོགས་ཁག་ལ་ཁ་བཏགས་གཡོགས་སྐབས་ཁ་བཏགས་རྣམས་ཉིས་ལྟབ་ཀྱི་ཚང་མ་ནར་མོར་མི་ཞིག་གི་ལག་གཡོན་པའི་ལག་ངར་སྟེང་བཞག་ནས་མི་གཞན་ཞིག་གིས་སྐེ་ལ་གཡོགས་པ། ཆང་ས་རྒྱག་སྐབས་གྲལ་རིམ་མཐོ་ས་ཡིན་ན་ཕྱི་ནང་རྟེན་འབྲེལ་བྱེད་པོས་ཕ་མ་དང་བུ་མནའ་མ་བཅས་ལ་ཁ་བཏགས་ལྕོག་རྩེའི་སྟེང་ནར་གཏོང་བྱེད་པ་དང་། འབུལ་བའི་ཐོག་མར་གྲོ་དོ་པོ། རྩམ་པ་དོ་པོ། ཤིང་འབྲས་དོ་པོ། ཇ་སྒམ། མར་ལྟང་སོགས་ཀྱི་སྟེང་དུ་ཚན་གྲངས་ཞེས་ཁ་གཏགས་ཚོས་སྣ་ལྔ་ཚར་ནར་གཏོང་བྱེད་པ། དམའ་རིམ་ཁག་ཆང་ས་རྒྱག་སྐབས་ཁ་བཏགས་ཚང་མ་སྐེ་ལ་གཡོགས་པ། འབུལ་པའི་སྟེང་ཁ་དཀར་མཚོན་བྱེད་ཁ་བཏགས་རེ་འཇོག་པ། ཆང་ས་དང་། ཁང་པ་སྤོ་སྐབས་སོགས་ལ་ལྕི་བ། ཆུ་ཕུད་སོགས་ཀྱི་སྟེང་དུ་ཁ་བཏགས་རེ་ནར་མོར་འཇོག་པ། གྲོང་གསེབ་ཀྱི་འོང་སྐོར་སོགས་ལ་རྟ་རྒྱུགས་ཀྱི་རྟ་པ་རྣམས་ལ་ཚ་དར་ཞེས་འབེན་ལ་མདའ་དང་མེ་མདའ་འཕོགས་པར་ཁ་བཏགས་གཡོགས་སྐབས་ཚ་གྲངས་ཀ་བརྩི་རྒྱུ་ཡོད་པ་རྣམས་ལ་ཁ་བཏགས་སྐེ་ལ་གཡོགས་པ་དང་། ཚ་གྲངས་བརྩི་རྒྱུ་མེད་པ་རྣམས་ལ་ཚ་མེད་དཔའ་དར་ཞེས་དཔུང་པ་གཡས་ལ་གཡོགས་པ། སྟབས་བདེའི་མགྲོན་འབོད་དང་། ཕྱོགས་ཐོན་སོགས་ལ་ཁ་བཏགས་ཀྱི་ཚབ་ཏུ་གྲོང་གསེབ་ཁག་ཕོ་ལ་དཔུང་པ་གཡས་པ་དང་། མོ་ལ་དཔུང་པ་གཡོན་པ། དཔོན་རིགས་ལ་པུས་མོ་དང་རྟ་སྒའི་ཡོབ་ལ་རྩམ་པའི་ཡས་བཟེད་རྒྱག་སྲོལ་སྣང་།